༧སྐུའི་གོ་སྟོན་མཆོད་དབྱངས་མི་འཇིགས་སེངྒེའི་ང་རོ། His Holiness Dalai Lama’s 90th Birthday 4k
Автор: འཇིག་རྟེན་མིག་འབྱེད།
Загружено: 2025-06-10
Просмотров: 7723
Описание:
གུས་ནང་མི་ཡོངས་ནས་༧གོང་ས་ཆེན་པོས་སྐྱེས་འགྲོ་སྤྱི་དང་བྱེ་བྲག་བོད་གངས་ཅན་པ་རྣམས་ཀྱི་ཆེད་བགྲང་བྱ་ཧྲིལ་པོ་དགུ་བཅུ་བཞེས་པའི་གསབ་དཀའ་གཞལ་བྲལ་གྱི་བཀའ་དྲིན་རྗེས་དྲན་དུ་ཕུལ་བ་ཡིན། སྐྱེ་བ་ཐམས་ཅད་དུ་༧མགོན་མཆོག་ཡབ་སྲས་རྣམ་གཉིས་དང་སྐད་ཅིག་ཀྱང་འབྲལ་བ་མེད་པའི་སྨོན་འདུན་ཤུགས་དྲག་བཅས།
This song is respectfully dedicated in honor of His Holiness the Dalai Lama on the auspicious occasion of His 90th birthday.
༈ ༸སྐུའི་གོ་སྟོན་མཆོད་དབྱངས་མི་འཇིགས་སེངྒེའི་ང་རོ།།
ཐབས་མཁས་ཐུགས་རྗེས་རྒྱ་བོད་མཚམས་སུ་འཁྲུངས།།
སྟོང་ཉིད་སྙིང་རྗེ་འཇིག་རྟེན་ཁྱབ་པར་མཛད།།
གངས་ལྗོངས་འགྲོ་བ་སྐྱོབ་པའི་གཡར་དམ་ཅན།།
༸རྒྱལ་མཆོག་བསྟན་འཛིན་རྒྱ་མཚོར་ཕྱག་འཚལ་བསྟོད།།
རྒྱལ་སྲིད་ཆོས་སྲིད་བཞེས་ཏེ་དམག་འཁྲུག་བཀག།།
དོན་དགུའི་ལོ་ནས་བོད་སྲོག་སླར་ཡང་བསྐྱབས།།
གྱ་གྲངས་ནས་བཟུང་ཐུ་བྷོད་འཛམ་གླིང་འདིར།།
རིམ་གསལ་མི་ནུབ་རྒྱལ་མཚན་བསྒྲེངས་ལ་བསྟོད།།
བྱམས་བརྩེའི་སྙིང་བོ་བླ་སྲོག་རིག་པའི་གནས།།
དབྱངས་གསལ་སོ་བཞིའི་གསེར་ཕྲེང་ལ་བརྒྱུས་པ།།
འཇིག་རྟེན་ཞི་བདེའི་འབྱུང་ཁུངས་བླ་མེད་དུ།།
གཟིགས་ཤིང་གསུང་སྟེ་ཞུམ་མེད་འཛིན་ལ་བསྟོད།།
དམག་འཁྲུག་བཙན་གནོན་རང་རྒྱལ་གཞན་ཕམ་གྱི།།
དགྲ་གཉེན་དབྱེ་འབྱེད་བློ་ཆུང་ཕན་བཏགས་ལས།།
རང་གཅེས་ཕྱོགས་འཛིན་ཁོ་ནས་བསྐྲུན་མཐོང་སྟེ།།
གཞན་གཅེས་ཐུགས་དམ་མཐིལ་དུ་འཛིན་ལ་བསྟོད།།
གྲོས་ཚོགས་སྲིད་འཛིན་ལུགས་ལས་ལེགས་ཆ་དང།།
མ་སྤྱི་རིང་ལུགས་གཉིས་ལས་དཔལ་འབྱོར་ལུགས།།
བླངས་ཤིང་དམག་འཐབ་གཏན་དུ་སྤངས་པ་ཡི།།
ཐུན་མིན་མང་གཙོའི་ཁྲིམས་སྲོལ་ཕྱེ་ལ་བསྟོད།།
གནོད་ལན་གནོད་འཇལ་འཕྲལ་ཡུན་སྡེ་འཁྲུག་ཏུ།།
གྱུར་དང་འགྱུར་བའི་ཀུན་ཕུང་ལོང་པའི་ལམ།།
བཀག་སྟེ་རང་གཞན་གཉིས་སྨན་དབུ་མའི་ལམ།།
དུས་མཐུན་གསལ་བར་མཛད་ལ་ཕྱག་འཚལ་བསྟོད།།
སྟོན་མཆོག་དོན་ཀུན་གྲུབ་པའི་བསྟན་པ་ལ།།
སྟོན་པ་ལས་ཀྱང་མཛད་འཕྲིན་ཆེར་བསྐྱངས་པས།།
སྟོན་མཆོག་ཡང་ཡང་ཞལ་གཟིགས་ལ་ཤར་པའི།།
སྟོན་པ་དབྱེར་མེད་༸བསྟན་འཛིན་རྒྱ་མཚོར་བསྟོད།།
མཐོང་ཆོས་ཙམ་ལ་གཞལ་ཏེ་མི་ཡི་ཁམས།།
ཚོད་བགམ་ཚན་རིག་འཕྲུལ་འོག་བཅུག་པའི་དུས།།
ལྐོག་གྱུར་འཇལ་བྱེད་རིགས་པ་གྲངས་མེད་ཀྱིས།།
ཆོས་ཚན་ཟུང་འབྲེལ་ལམ་བཟང་ཕྱེ་ལ་བསྟོད།།
བཙན་གནོན་དབང་བསྒྱུར་ཀླ་ཀློའི་གདུག་རྩུབ་ཀྱིས།།
གངས་ལྗོངས་སྣོད་བཅུད་བརླག་པའི་ཁ་གཏད་དུ།།
ཆོས་རིག་སྐད་ཡིག་སྲོག་ལྟར་གཅེས་འཛིན་གྱི།།
འཚེ་མེད་གཉིས་སྨན་ཐབས་ཚུལ་འཛིན་ལ་བསྟོད།།
བླ་སྲོག་སྐད་དང་རིག་གནས་ཟུར་བཞག་གིས།།
ཤེས་མེད་བེམ་རོ་ལྟར་གྱུར་ལྟོ་རྒྱབ་ཙམ།།
གཉེར་པ་རྐང་བཞིའི་ཚོགས་ལས་ཁྱད་ཕྱེ་པའི།།
རླབས་ཆེན་བོད་མི་བྱེད་ཚུལ་གདམས་ལ་བསྟོད།།
གྲངས་མེད་ཐུབ་པས་གྲངས་མེད་བསྐལ་བ་རུ།།
འགྲོ་ལ་རྗེས་བརྩེའི་ཐབས་ཀྱི་མཆོག་གཅིག་ཏུ།།
གཟིགས་ཤིང་བསྔགས་པ་བྱང་ཆུབ་སེམས་མཆོག་གིས།།
འཆི་བདག་འཇོམས་མཛད་དཔང་པོར་བརྟན་བཞུགས་གསོལ།།
སྣོད་བཅུད་ནམ་གནས་དེ་སྲིད་གངས་ཅན་ཞིང།།
༸རྒྱལ་མཆོག་པད་དཀར་འཆང་བའི་དབུ་ཁྲིད་དང།།
རླབས་ཆེན་བཀའ་དགོངས་ཉིད་དང་འབྲལ་མེད་ངང་།།
འཇིག་རྟེན་ཞི་བདེའི་འབྱུང་རྩར་རྟག་བརྟན་ཤོག།།
བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ།།
༸རྒྱལ་བ་ཉིད་ཀྱི་བཀའ་སྒྲུབ་གཙོ་བོ་རུ།།
འགྱུར་བའི་མཐུན་རྐྱེན་མཐའ་དག་རབ་རྫོགས་ཏེ།།
སྒོ་གསུམ་བླ་མའི་དབང་དུ་ནར་གཏོང་ཤོག།།
ཅེས་པ་འདི་ནི་༸གོང་ས་ལྔ་པ་ཆེན་པོའི་གསུང་ལས་“འདི་ནི་བདག་གི་དགེ་བཤེས་ཆོས་སྨྲ་བ་ཞེས་སོགས་ཀྱི་ཚིགས་སུ་བཅད་པ་གདངས་སྙན་པོས་གསལ་འདེབས་ཀྱི་ཚུལ་དུ་བྱེད་དགོས་”སོགས་མཇལ་ཐེངས་རེ་རེར་འདི་འདྲ་ཞིག་བྲིས་ཏེ་གསུང་ལྟར་བགྱིས་ན་བསམ་ནས་ཡུན་རིང་ལུས་པ། ད་ལམ་དཔལ་ལྡན་རྩ་བའི་བླ་མ་༸རྒྱལ་མཆོག་ཐམས་ཅད་མཁྱེན་པ་ཆེན་པོའི་ལུགས་གཉིས་ཀྱི་མཛད་འཕྲིན་ལས་ཚིག་གི་རྣམ་པར་བརྗོད་ཤེས་པ་སྐྲ་རྩེའི་ཐིགས་པ་ཙམ་ཞིག་བློ་བཟང་ཆོས་འབྱོར་གྱིས་མཐའ་འཁོབ་ཨ་རིའི་གྲོང་ཁྱེར་ལོ་སན་ཨན་ཇི་ལི་སི་ནས་ཚེ་རབས་ཐམས་ཅད་དུ་༸མགོན་པོ་མཆོག་དང་སྐད་ཅིག་མི་འབྲལ་བའི་རྒྱུར་སྦྱར་པའོ།། །།
Повторяем попытку...
Доступные форматы для скачивания:
Скачать видео
-
Информация по загрузке: